ནང་པ་སངས་རྒྱས་པ་ནི་གང་།
ནང་བསྟན་ལ་ཆོས་ལུགས་དང་མཚན་ཉིད་རིག་པའི་སྡེ་ཚན་དབྱེ་གསལ་བྱེད་པ་ནི་འཚམས་པོ་མིན། ནང་པ་སངས་རྒྱས་པའི་ཆོས་ནི་ཨིན་སྐད་ནང་ religion ཞེས་པ་དེ་མ་ཡིན། སྤྱིའི་ཆ་ནས་མིང་ཚིག་འདི་ནང་ཆོས་ལ་བཀོལ་སྤྱོད་བྱེད་པར་མ་མཐའི་དོན་སྙིང་གང་ཡང་མེད། དོན་དངོས་སུ་ལྷ་གཅིག་ཉིད་དམ་ཚངས་པའམ་དབང་ཕྱུག་ལྟ་བུ་ལྷ་བྱེ་བྲག་པ་གང་ཞིག་འཇིག་རྟེན་བཀོད་པ་པོར་ཐོག་མ་ནས་ཡོད་པ་ཡིད་ཆེས་བྱེད་ཀྱི་མེད་པ་མ་ཟད། བྱ་དངོས་གང་ཞིག་ལ་ཡིད་ཆེས་བྱེད་པར་རྟགས་དཔྱད་དང་རྒྱུ་མཚན་ལྡན་པའི་ཁུངས་བསྐྱེལ་ར་སྤྲོད་དགོས་པའི་ལྟ་ཚུལ་འཛིན་གྱི་ཡོད།
ནང་ཆོས་ནི་མཚན་ཉིད་རིག་པ་ཡང་མ་ཡིན། རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་དེ་བློ་རིག་གི་ནུས་པ་དང་བསམ་བློའི་འཆར་སྒོ་ཁོ་ནར་མི་གཏོགས་ཤིང་། སངས་རྒྱས་ཆོས་ལུགས་ཀྱི་གཞི་རྩའི་ཁྱབ་ཁོངས་ནས་བཤད་ན། ཐོས་པ་གཅིག་པུས་མི་འདངས་བར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའམ། གོ་བ་ཁོ་ནས་མི་འདངས་བར་གོ་མྱོང་རྟོགས་གསུམ་ག་དགོས་པར་འདོད་ཀྱིན་ཡོད།
སངས་རྒྱས་པའི་ཆོས་ནི་ཡུལ་གོམ་གཤིས་ལུགས་ཡར་ཐོན་སྤེལ་བྱེད་ཀྱི་རིག་གཞུང་ཞིག་གམ། ཡང་ན་ཆབ་སྲིད། སྤྱི་ཚོགས་ཀྱི་འཆར་སྣང་སོགས་ཀྱང་མ་ཡིན། རིག་གནས་ནང་ནས་སྒྱུ་རྩལ་གྱི་ཆ་ཤས་ཐ་དག་ཁྱད་དུ་འཕགས་པའི་མཚོན་རྟགས་ཤིག་ཡིན་ཞེས་བཤད་ཆོག།།རིག་གནས་ཀྱི་གཞི་རྩ་ནི་འཇིག་རྟེན་གྱི་ལྟ་གྲུབ་ལས་བྱུང་ནའང་སངས་རྒྱས་པའི་རིང་ལུགས་ནི་འཇིག་རྟེན་ལས་ཡོངས་སུ་འདས་ནས་ཡོད། རིག་གནས་ནང་སྒྱུ་རྩལ་ནི་སྒྱུ་རྩལ་ཙམ་དང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྒྲོམ་གཞིའི་ནང་སྒྱུ་རྩལ་ནི་ཐབས་ལམ་ཞིག་ཡིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་བསྡུར་ན་སྒྱུ་རྩལ་ནི་རྒྱ་ཆུང་ཆུང་ཞིག་ཡིན། ཚིག་གཞན་ཞིག་གི་ཐོག་ནས་བཤད་ན། ནང་བསྟན་ནི་དུས་ཚོད་དང་འཇིག་རྟེན་ལས་ཡོངས་སུ་བརྒལ་བ་ཞིག་ཡིན་མོད། འོན་ཀྱང་སྒྱུ་རྩལ་ནི་དུས་ཚོད་དང་སྤྱི་ཚོགས་ངེས་ཅན་ཞིག་ནང་རྩ་བ་ཚུགས་པ་ཞིག་ཡིན།
ནང་པ་སངས་རྒྱས་པའི་ཆོས་ནི་ཆབ་སྲིད་ཀྱི་རང་བཞིན་ལྡན་པ་ཞིག་མ་ཡིན། ནང་ཆོས་ལ་རྒྱལ་མཚམས་སམ་ཚོགས་པའམ་སྡེ་ཁག་སོགས་ཀྱི་དབྱེ་འབྱེད་མེད་པ་ནས། སྒེར་དང་མི་མང་དབར་གྱི་འགལ་ཟླའི་རང་བཞིན་ཅན་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་མིན་པ་མ་ཟད། ས་ཆ་ག་གེ་མོ་ཞིག་ནས་གློ་བུར་དུ་བྱུང་བའི་བདག་དབང་ཅན་ཞིག་དེ་བས་མིན། ནང་ཆོས་ཀྱི་ངོས་ནས་བཤད་ན་གླིང་ཆེན་དང་། ཚོགས་སྡེ། མི་རིགས་དང་། ཤ་མདོག །གྲལ་རིམ་སྤྱི་ཚོགས། ཚོགས་མི་བྱེ་བྲག་པའི་ཐོབ་ཐང་ལྟ་བུའི་ཚད་གཞི་ལས་ཡོངས་སུ་བརྒལ་ཏེ་ཚང་མ་འདྲ་མཉམ་ཡིན་པ་ལས། དེ་དག་གི་དབར་ལ་ཁྱད་པར་དམིགས་བསལ་བའི་གཞི་འཛིན་ས་ཞིག་ཡོད་པའི་ལྟ་ཚུལ་མེད། ལྟ་ཚུལ་འདི་གཞིར་བཟུང་ནས་བཤད་ན་མི་ཙམ་མ་ཡིན་པ་སྐྱེ་འགྲོ་ཐ་དག་ལ་ལྷན་སྐྱེས་ཀྱི་གཤིས་ཀ་དང་། དགའ་སྡུག་གི་སེམས་ཚོར། རེ་བ་དང་། འཇིགས་སྣང་སོགས་གཅིག་མཚུངས་སུ་ཡོད་པ་གསལ་བཤད་བྱེད་བཞིན་ཡོད།
ཡང་དག་པའི་ཆོས་ནི་སྤྱི་ཚོགས་ཀྱི་འཆར་སྣང་ཙམ་མ་ཡིན་པ། དེ་ནི་མི་སྒེར་གྱི་ཕུན་སུམ་ཚོགས་པའི་གོ་འཕང་ཐོབ་ཕྱིར་ཞིབ་འཇུག་གི་རང་བཞིན་ལྡན་པའི་འཚོལ་སྙེག་ཅིག་ཡིན། སངས་རྒྱས་ཀྱི་ཆོས་ཉམས་ལེན་པ་དག་གིས་རང་ངོ་ཤེས་ཐབས་ཀྱིས་རང་ཉིད་ཀྱིས་རང་ཉིད་འཚོལ་བཞིན་ཡོད་ལ། ཆོས་ཕྱོགས་ཀྱི་བསམ་བློའི་དཔལ་ཡོན་དེ་ཉིད་དབེན་གནས་སུ་འགྱུར་ལྡོག་དང་གོང་འཕེལ་གྱི་རང་བཞིན་དུ་གནས་ཡོད། ནང་པའི་བསླབ་བྱ་དག་གིས་ཞིབ་འཇུག་པ་དང་ལག་ལེན་པ་དག་གི་གཤིས་སྤྱོད་དང་བསམ་བློར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་སྨོས་སུ་མེད་ནའང་། ནང་ཆོས་ལ་སྤྱི་ཚོགས་ཁ་ཕྱོགས་ངེས་ཅན་ཞིག་ལ་བསྒྱུར་རྒྱུའི་དམིགས་ཡུལ་མེད་ལ། གནོན་ཤུགས་ཅན་གྱི་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས་སྐོར་གྱི་གཏན་འབེབས་ཀྱང་རྩ་ནས་མེད།
མཐར་ཐུག་སངས་རྒྱས་ཆོས་ལུགས་ནི་ཚན་རིག་ཅིག་ཡིན་ནམ། གང་ལྟར་ང་ཚོས་བཤད་པའི་ཁུངས་ལྡན་གྱི་ཚན་རིག་དག་གིས་ཕྱི་སྣོད་འཇིག་རྟེན་གྱི་ཆོས་སྣ་ཚོགས་པ་དབང་པོས་ཤེས་རྟོགས་ཀྱི་ཡུལ་དུ་སྣང་ཚུལ་སྣེ་མང་ཅན་དུ་སྒྱུར་གྱིན་ཡོད། ནང་ཆོས་ནི་དེ་ལས་ལྡོག་ཏེ་བློ་ནང་དུ་ཕྱོགས་ནས་ནང་བསམ་བློའི་དཔལ་ཡོན་ལ་གཙིགས་འཛིན་གྱིས་དོ་སྣང་གནང་གི་ཡོད་པར་བརྟེན། སྐབས་རེར་སངས་རྒྱས་པའི་ཆོས་ལ་ནང་སེམས་ཀྱི་ཚན་རིག་ཅེས་བརྗོད། སངས་རྒྱས་ཆོས་ལུགས་དེ་རིགས་རུས་མཐོ་དམན་དང་། གྲལ་རིམ་གྱི་གནས་བབ་སོགས་ལ་དབྱེ་འབྱེད་དང་གཤིབ་སྡུར་ལས་བརྒལ་ཡོད་སྟབས། ང་ནི་ནང་པ་སངས་རྒྱས་པའི་ཆོས་དེ་གྲལ་རིམ་དང་མི་མཐུན་པ་ཞིག་རེད་ཅེས་སྨྲ་བར་དགའ།
ལོ་རྒྱུས་རིག་པ་ལྟར་ན་ནང་ཆོས་ནི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་དུ་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་བའི་སངས་རྒྱས་ཤཀྱ་ཐུབ་པའི་བསྟན་པ་ཡིན། འདས་པའི་དུས་རབས་མང་པོའི་རིང་ལ་རྒྱལ་བསྟན་དར་རྒྱས་ཡུན་གནས་ཆེད་མི་རབས་མང་པོར་བརྒྱུད་སྤྲོད་ཀྱིས་སྐད་རིགས་སྣ་མང་ཅན་དུ་བསྒྱུར་ཅིང་། གཞུང་འགྲེལ་དང་། ཡང་འགྲེལ་གྲངས་ལས་འདས་པ་བརྩམས་ཏེ་ཕུན་སུམ་ཇེ་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྩོམ་རིག་ནི་རྒྱ་ཆེ་ལ་འགྲན་ཟླ་བྲལ་བ་བྱུང་ཡོད།
གཏིང་ཟབ་ཀྱི་རང་བཞིན་ལྡན་པའི་ནང་བསྟན་ནི་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་རྣམ་དཔྱོད་ལས་བྱུང་བ་དང་། དེ་ཡང་བསྡུ་ན་ཐབས་དང་ཤེས་རབ་གཉིས་སུ་འདུས་ཡོད། དེས་ན་དམ་པའི་ཆོས་ནི་ནང་གི་བསམ་བློའི་འཁྱེར་སོ་ཞིག་དང་། ནང་པ་ཚོ་ནི་བསམ་བློའི་ཁ་ཕྱོགས་ཡང་དག་པ་འཚོལ་བར་དོན་གཉེར་གྱིས་ཉམས་ལེན་གནང་མཁན་ཡིན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ནི་ཉམས་ལེན་གྱི་རིགས་ཐ་དག་གི་ཕ་རོལ་ཏུ་ཕྱིན་པའང་ཡིན་ནོ།།
སངས་རྒྱས་པའི་ཆོས་ཀྱི་སྤྱིའི་ངོ་བོ་ནི་སེམས་ཅན་གྱི་བདེ་སྐྱིད་དང་དེའི་རྒྱུ་དང་རྐྱེན་སོགས་ཇི་ལྟར་བཙལ་འཚོལ་དགོས་མིན་ཐད་བསམ་གཞིགས་དང་སློབ་ཁྲིད་གནང་རྒྱུ་དེ་རེད་ཅེས་བཤད་ཆོག །དམ་པའི་ཆོས་ཀྱིས་རང་ཉིད་ཀྱི་བདེ་སྡུག་དང་འཇིག་རྟེན་གྱི་བྱ་བཞག་ཁོ་ནར་མནོ་བསམ་བཏང་སྟེ་རང་མགོ་རང་གིས་ཇི་ཙམ་བསྐོར་ཚུལ་འགྲེལ་བཤད་ཀྱིས་འགྲོ་བ་རྣམས་མ་རིག་པའི་གཉིས་ལས་དཀྲོག་སྟེ་ཕུགས་རྒྱང་རིང་བའི་དམིགས་ཡུལ་ཞིག་གསལ་སྟོན་གནང་ཞིང་། དེ་ལ་བརྟེན་ནས་འགྲོ་བ་དག་གིས་གྲོལ་བའི་ཐབས་ལམ་གཞན་རྣམས་ཤེས་པའི་སྒོ་ནས་རིམ་གྱིས་ལམ་ལ་བཀྲི་ཞིང་། མཐར་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་སེམས་ཀྱི་ཆོས་ཉིད་མངོན་དུ་གྱུར་པ་མཛད་ཀྱིན་ཡོད།
སངས་རྒྱས་པའི་རིང་ལུགས་ནི་ཤེས་རབ་དང་། ཞི་བདེ་བག་ཕེབས། བཟང་པོའི་ཡོན་ཏན་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་འགྲུལ་བཞུད་ཅིག་ཡིན། སེམས་ཀྱི་ཆོས་ཉིད་མངོན་དུ་གྱུར་པ་ནི་འཇིགས་པ་དང་སྡུག་བསྔལ་རྣམས་ཡང་དག་པར་ཞི་བའི་འགོགས་པའི་བདེན་པ་ཡིན་ལ། སེམས་ལ་ཞི་བདེ་དང་བག་ཕེབས་ཀྱི་རྣམ་པ་ཡོད་པའི་ནང་པ་སངས་རྒྱས་པ་ལ་འཇིགས་སྣང་མེད་ཅིང་། བཟང་པོའི་ཡོན་ཏན་དང་ལྡན་པས་ན་མི་གཞན་ལ་ཞི་བདེའི་སྒོ་མོ་དབྱེ་ཐུབ། ལྷག་པར་ཤེས་རབ་དང་། ཞི་བདེ་བག་ཕེབས། བཟང་པོའི་ཡོན་ཏན་བཅས་གསུམ་ནི་རང་གཞན་ཕན་ཚུན་རྟེན་འབྲེལ་ལྟོས་གྲུབ་ལས་བྱུང་བའི་མེད་དུ་མི་རུང་བའི་འགྲོ་བ་མིའི་སྤྱི་ནོར་ཡང་ཡིན་ནོ།།
ཕྱི་ལོ་༢༠༢༢ ལོའི་ཟླ་༡༢ པའི་ཕྱི་ཚེས་ ༡༠ ཉིན་ཨིན་ཡིག་ནས་ཕབ་སྒྱུར་ཞུས།