ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི།།
བཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ།།
ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས།།
ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ།།
ཞེས་སྤྱིར་བསྟོད་པ་མཛད་པ་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་གསུངས་ནའང་། དེ་དག་ལས་གྲགས་ཆེ་བ་ནི་ཆོས་ཀྱི་འཁོར་རིམ་པ་གསུམ་ཞེས་བྱ་ལ། དེ་ཡང་སྟོན་པ་དགུང་ལོ་སོ་གསུམ་ལོན་པ་ན་མངོན་པར་རྫོགས་པ་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་བར་དུ་ཆོས་ཉན་པའི་སྣོད་བརྟག་པའི་ཆེད་དང༌། རང་ཉིད་ཀྱིས་མངོན་དུ་བྱས་པའི་ཟབ་མོའི་ཆོས་དག་གཞན་གྱིས་རྟོགས་དཀའ་བར་དགོངས་ཏེ་མི་ཡུལ་དུ་རེ་ཞིག་ཆོས་མ་གསུངས་པར་བཞུགས་པ་སྟེ། ཇི་སྐད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ཁྲོད་དུ་གནས་པར་བྱ།། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན་ཕྱོགས་བཅུའི་ཞིང་ནས་ལྷ་གྲངས་ལས་འདས་པ་དག་གིས་ཆོས་སྟོན་པར་གསོལ་བ་བཏབ་ཅིང༌། ཁྱད་པར་དུ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་དང་། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་གསུང་པར་གསོལ་བ་བཏབ་པ་ལྟར། ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་དུས་ལ་བབས་པར་གཟིགས་ནས་ཞལ་གྱིས་བཞེས་ཏེ། ཐུགས་བརྩེ་བ་པོས་གདུལ་བྱའི་བློ་ཡི་རིམ་པ་དང་མཐུན་པར་ཟླ་བ་དྲུག་པའི་ཚེས་བཞི་ཉིན་གྲོང་ཁྱེར་ཝཱ་ར་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་བྱོན་ཏེ་གདུལ་སླ་བ་དང་། དུག་གསུམ་ཤས་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པའི་འཁོར་ལྔ་སྡེ་བཟང་པོ་སྟེ་ཀུན་ཤེས་ཀཽའུཌིནྱ་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་དང་ལྷའི་འཁོར་དཔག་ཏུ་མེད་པ་ལ་བཀའ་དང་པོ་བདེན་བཞིའི་ངོ་བོ་དང་། བྱ་བ་དང་། འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་སྒོ་ནས་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དགྲ་བཅོམ་པའི་གོ་འཕང་ཐོབ།
གང་གསུངས་པའི་བདེན་པ་བཞི་ནི་གང་ཟག་ལས་དང་པོ་པ་འཁོར་བ་སྤངས་ནས། ཐར་པ་ཐོབ་པར་འདོད་པ་རྣམས་ཀྱི་དོན་དུ་འཁོར་བའི་མཚན་ཉིད་དང་། དེའི་རྒྱུ་དང་། ཐར་པའི་མཚན་ཉིད་དང་། དེ་འཐོབ་པའི་ཐབས་དང་བཞིའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་བདེན་པ་ནི་ཤེས་པར་བྱའོ། །འདི་ནི་ཀུན་འབྱུང་གི་བདེན་པའོ། །ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱའོ། །འདི་ནི་འགོག་པའི་བདེན་པའོ། །འགོག་པའི་བདེན་པ་ནི་འཐོབ་པར་བྱའོ། །འདི་ནི་ལམ་གྱི་བདེན་པའོ། །ལམ་གྱི་བདེན་པ་ནི་རྒྱུད་ལ་བསྟེན་པར་བྱའོ། །སོགས་གསུངས་སོ།། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ནི་འཁོར་བའི་སྣོད་བཅུད་གཉིས་ཏེ། དེ་ལ་དབྱེ་ན་ཁམས་གསུམ་དང་། འགྲོ་བ་རིགས་དྲུག་ཡོད་དེ། དེ་ཐམས་ཅད་ཕུང་པོ་ལྔར་མ་འདུས་པ་མེད་དོ། །དེ་ཇི་ལྟར་ཤེས་པར་བྱ་ན། འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་ནི་བཞི་པོ་འདི་ཡིན་ཏེ། སྡུག་བསྔལ་བ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པའོ།།
སྡུག་བསྔལ་བདེན་པ་འབྲས་བུ་དང་དེའི་རྒྱུ་ཀུན་འབྱུང་བདེན་པ། འགོག་པའི་བདེན་པ་འབྲས་བུ་དང་དེའི་རྒྱུ་ལམ་གྱི་བདེན་པ་སྟེ། རང་རྒྱུད་ལ་སྡུག་བསྔལ་བྱུང་བ་དག་སྡུག་བསྔལ་ཡིན་པར་ཤེས་ནས་དེ་ལས་བྲལ་འདོད་ཀྱི་བློ་སྐྱེས་པ་ན་དེའི་རྒྱུ་ཀུན་འབྱུང་སྤང་དགོས། དེ་སྤངས་པས་གཏན་དུ་ཞི་བ་ཐོབ་པ་ནི་ཐར་པའམ་འགོག་བདེན་ཡིན། འགོག་བདེན་ཐོབ་པ་ནི་རྒྱུ་ལམ་བདེན་སྒོམ་པ་ཁོ་ན་ལ་རག་ལས་པས་འཁོར་འདས་གཉིས་སུ་སྤང་བླང་རྒྱུ་འབྲས་ཚར་གཉིས་ཀྱི་རིམ་པར་བསྡུས་ཏེ་གཏན་ཕབ་པར་མཛད་དོ།།
མདོར་ན། འཁོར་བ་ལ་འཇུག་པའི་དབང་དུ་བྱས་ནས་སྡུག་ཀུན་གཉིས་དང་། འཁོར་བ་ལས་ལྡོག་པའི་དབང་དུ་བྱས་ནས་འགོག་ལམ་གཉིས་སུ་བསྟན་པའི་རྒྱུ་འབྲས་དོན་གྱི་རིམ་པ་དང་། རྣལ་འབྱོར་པས་ཡུལ་ཅན་མངོན་པར་རྟོགས་པ་སྐྱེ་བའི་རིམ་པའི་དབང་དུ་བྱས་ནས་རྒྱུ་འབྲས་ཕྱིར་ལྡོག་གིས་བསྟན་ཚུལ་དེ་ནི་ཤིན་ཏུ་མད་ལ། འཁོར་བ་ལ་འཇུག་ལྡོག་གི་དབང་དུ་བྱས་ནས་བདེན་བཞིའི་གནས་ལུགས་འཕགས་པ་རྣམས་ཀྱིས་ཇི་ལྟར་གཟིགས་པ་བཞིན་དུ་བདེན་པས་ན་འཕགས་པའི་བདེན་པ་ཞེས་བརྗོད་ཅིང་། དེ་ཉིད་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཕལ་མོ་ཆེའི་དངོས་སམ་སྡེར་གཏོགས་ཀྱི་བརྗོད་བྱར་ཡང་ཡིན།
དེ་ནས་བྱ་རྒོད་ཕུང་པོའི་རིར་འཁོར་བྱང་ཆུབ་སེམས་དཔའ་སོགས་གདུལ་བྱ་བགྲང་ལས་འདས་པ་རྣམས་ལ་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་གྱིས་གཏན་ལ་ཕབ་ནས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གསུངས་ཤིང་། གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་དགོངས་ནས། ཀུན་འབྱུང་བདེན་པའི་སྐབས་སུ་སྲིད་པའི་རྩ་བར་གྱུར་པའི་བདག་འཛིན་ནམ་བདག་ལྟ་ལ། གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་སུ་ཕྱེ་ནས་ཆོས་ལ་བདག་ཏུ་འཛིན་པ་དེ་སྲིད་པའི་རྩ་བར་བསྟན་ཅིང་། དེ་སྤོང་བའི་གཉེན་པོ་ལམ་བདེན་གྱི་སྐབས་སུ་ཆོས་ཀྱི་བདག་མེད་རྫོགས་པར་བསྟན་པའི་ཆེད་དུ། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཤིན་ཏུ་རྒྱས་པ་གཏན་ལ་ཕབ་ནས་གསུངས།
དེ་ཉམས་སུ་བླང་ནས་ཤེས་སྒྲིབ་མཐའ་དག་སྤངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད་ནས་ནམ་མཁའ་ཇི་སྲིད་བར་སེམས་ཅན་གྱི་དོན་མཛད་པ་ལ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་བསྒོམས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པ་ལ་སློབ་དགོས་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བསྒྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞི་དང་བསྡུ་བའི་དངོས་པོ་བཞི་སོགས་ཐབས་སྤྱོད་པའི་ཕྱོགས་ཤིན་ཏུ་རྒྱ་ཆེ་བ་བསྟན་ནས་ཐབས་ཤེས་ཡ་མ་བྲལ་བར་ཉམས་སུ་ལེན་པར་གསུངས་སོ།།
ཡངས་པ་ཅན་དང་ངེས་གཏན་མེད་པའི་གནས་རྣམས་སུ་མདོ་སྡེ་དགོངས་འགྲེལ་ལ་སོགས་པ་འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་དེའི་སྡེར་གཏོགས་དང་བཅས་པ་གསུངས། བཀའ་ཐ་མའི་སྐབས་སུ་ཡང་ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་ལེགས་པར་ཕྱེ་ནས། ཡོངས་གྲུབ་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་འདུས་མ་བྱས་རང་བྱུང་གི་ཡེ་ཤེས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་མཐའ་བྲལ་དབུ་མ་ཆེན་པོའི་རང་བཞིན་དུ་གཏན་ལ་ཕབ་ནས་བསྟན་པའི་དོན་ཡང་། དངོས་པོ་བདེན་གྲུབ་ཏུ་ལྟ་བ་དང་། དངོས་མེད་སྟོང་པར་བལྟ་བའི་དམིགས་པ་དང་། བློའི་མཐའ་ཤིན་ཏུ་ཕྲ་བ་ཡང་། མཚན་མའི་རྟོག་པ་དང་ཡིད་བྱེད་ཕྲ་མོར་བསྟན་ནས། དེ་ལྟ་བུའི་ལྟ་གཞི་མཐའ་དག་སྤངས་པའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སངས་རྒྱས་ཀྱི་དགོངས་པའི་སྤྱོད་ཡུལ་ལ་འཇུག་པར་བསྟན་པ་ཡིན་ཏེ། དེ་ཡང་ཀུན་འབྱུང་གི་གནས་ངན་ཕྲ་མོ་སྤངས་པའི་ཕྱིར། ལམ་བདེན་ཟབ་པའི་མཐར་ཐུག་པ་ཉིད་བསྟན་པས་ན་བཀའ་འཁོར་གསུམ་ག་ཡང་སྤྱིར་བདེན་བཞིའི་ལམ་ལས་མི་འདའ་ཞིང་། དེ་ལས་ཁྱད་པར་དུ་ཕྱེ་བ་ཙམ་དུ་ཟད་དོ།། གཞན་ཡང་། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་དང་། འཛམ་བུ་གླིང་གི་གནས་ཁྱད་པར་ཅན་གཞན་དང་གཞན་དུ་གསང་སྔགས་རྒྱུད་སྡེ་བཞིའི་ཆོས་འཁོར་མཐའ་ཡས་པ་གསུངས་པ་སོགས་མདོ་དང་། སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསུངས་ཏེ་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་སོགས་ནི་སྐབས་དོན་སོ་སོར་ཐོས་བསམ་གཏིང་ཟབ་ཀྱིས་ཤེས་པར་བྱའོ།།
ཕྱི་ལོ་༢༠༢༣ ལོའི་ཟླ་༡ པོའི་ཚེས་༡༩ ཉིན་ཞུ་སྒྲིག་ཞུས།
|