Patrul Rinpoche Website

ཀློང་ཆེན་སྙིང་ཐིག་གི་བརྒྱུད་པའི་ལོ་རྒྱུས།

(གཞན་ལས་དྲངས།)

དེ་ཡང་ཀློང་ཆེན་སྙིང་ཐིག་ནི་བོད་བརྒྱུད་ནང་བསྟན་གྱི་རྫོགས་པ་ཆེན་པོའི་མན་ངག་བརྒྱུད་པའི་ནང་གསེས་ཤིག་ཡིན། དེ་ཡང་ཐོག་མར་ཨོ་རྒྱན་གྱི་སློབ་དཔོན་དགའ་རབ་རྡོ་རྗེས་རྫོགས་ཆེན་གྱི་རྒྱུད་སྡེ་ཐམས་ཅད་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཞེས་པའི་དབྱེ་བསྡུ་མཛད། དེའི་སློབ་མ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རྫོགས་ཆེན་གྱི་རྒྱུད་སྡེ་དེ་དག་གི་བརྗོད་བྱའི་མན་ངག་གཏན་ལ་འབེབས་སྟངས་ཀྱི་ཁྱད་པར་ལས་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་ཞེས་དབྱེ།
Jigme Lingpa

༡ སེམས་སྡེ།

སེམས་སྡེ་བོད་དུ་འགྱུར་བ་ལ་སེམས་སྡེ་མ་བུ་མཅོ་བརྒྱད་དུ་གྲགས་པ་འདི་རྣམས་ཡིན། དེ་ཡང་བེ་རོ་ཙཱ་ནས་བསྒྱུར་བ་ལྔ་ལ་སྔ་འགྱུར་ལྔ་དང་། གཡུ་སྒྲ་སྙིང་པོས་བསྒྱུར་བ་བཅུ་གསུམ་ལ་ཕྱི་འགྱུར་བཅུ་གསུམ་ཞེས་འདོགས། ཀུན་བྱེད་རྒྱལ་པོ་སོགས་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོ་གསུམ་བསྣན་པས་སེམས་སྡེ་ཉེར་གཅིག་དུ་གྲགས།

༢ ཀློང་སྡེ།

ཀློང་སྡེ་ནི་བརྗོད་བྱའི་དབྱེ་བ་ལས་ཀློང་དགུ་དང་གྲངས་ཚད་ཀྱི་ཆ་ནས་བམ་པོ་ཉི་ཁྲི་སོགས་སུ་བསྡུ། སློབ་དཔོན་ཆེན་པོ་ཤྲི་སེང་ཧས་བེ་རོ་ཙཱ་ན་ལ་གནང་ཞིང་བེ་རོ་ཙཱ་ནས་སྤང་སངས་རྒྱས་མགོན་པོ་ལ་གནང་། དེ་ཡང་བེ་རོ་ཙ་ན་ལས་བརྒྱུད་པའི་ཁྲིད་ཡིག་ནི་ཀློང་སྡེ་རྡོ་རྗེ་ཟམ་པ་ཞེས་པ་དེ་ཡིན།

༣ མན་ངག་སྡེ།

མན་ངག་སྡེ་ནི་འཇམ་དཔལ་བཤེས་གཉེན་གྱི་སློབ་མ་སློབ་དཔོན་ཤྲི་སེང་ཧས་རྫོགས་པ་ཆེན་པོ་མན་ངག་སྡེ་ལ་དབྱེ་བ་བཞིར་ཕྱེ། དེ་ཡང་།

1.       ཕྱི་སྐོར་ལུས་དང་འདྲ་བ།

2.       ནང་སྐོར་མིག་དང་འདྲ་བ།

3.       གསང་སྐོར་སྙིང་དང་འདྲ་བ།

4.       ཡང་གསང་བླ་མེད་ཀུན་རྫོགས་ཀྱིས་སྐྱེས་བུ་འདྲ་བ།

ཞེས་སྐོར་ཚོ་བཞིར་དབྱེ། དབྱེ་བ་དེ་དག་ནི་ཁྲེག་ཆོད་ངོ་སྤྲོད་སྟངས་ལ་ཁྱད་པར་ཆེར་མེད་ཀྱང་གཙོ་བོ་ཐོད་རྒལ་ངོ་སྤྲོད་སྟངས་ལས་ཁྱད་པར་དེ་ལྟར་དབྱེ་བ་ཡིན། དེ་ལྟ་བུའི་མན་ངག་སྡེིའི་གདམས་པ་རྣམས་ལས་ཕྱི་སྐོར་དང་། ནང་སྐོར། གསང་སྐོར་རྣམས་སློབ་དཔོན་ཤྲི་སེང་ཧས་ཛྙ་ན་སུ་ཏྲ་དང་བི་མ་ལ་མི་ཏྲ་གཉིས་ལ་གནང་། ཡང་གསང་བླ་མེད་ཀྱི་གདམས་པ་རྣམས་ཛྙ་ན་སུ་ཏྲ་ལ་གནང་། ཛྙ་ན་སུ་ཏྲས་ཕྱིས་སུ་བི་མ་ལ་མི་ཏྲ་ལ་གནང་། བི་མ་མི་ཏྲས་བོད་དུ་སྤེལ་བ་ལས་བི་མ་སྙིང་ཐིག་ཅེས་པ་འདི་བྱུང་བ་ཡིན།

བི་མ་སྙིང་ཐིག

བི་མ་སྙིང་ཐིག་ནི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་གསང་བླ་མེད་ཀྱི་རྒྱུད་སྡེ་དང་གདམས་ངག་རྣམས་ཡིན། དེ་ཡང་རྒྱུད་ཆེན་བཅུ་བདུན་ཞེས་གྲགས་པའི་སྟེང་དུ་བཀའ་སྲུང་ཁྲོས་མའི་རྒྱུད་དང་ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་རྒྱུད་བསྣན་པས་བཅུ་དགུར་བཞུགས། དེ་ཡང་བཀའ་སྲུང་ཁྲོས་མའི་རྒྱུད་ནི་བི་མ་ལ་བྱུང་བ་དང་ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་རྒྱུད་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་བྱུང་ཡང་དོན་དུ་ཡང་གསང་སྙིང་བླ་མེད་ཀྱི་རྒྱུད་དུ་གཏོགས་པ་ཡིན། མདོར་ན་བོད་དུ་དར་བའི་སྙིང་ཐིག་གི་མན་ངག་བརྒྱུད་པ་ནི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་བྱུང་བ་ཡིན། དེ་ཡང་ཐོག་མར་བོད་དུ་སློབ་དཔོན་བི་མ་ལ་མི་ཏྲས་སྙིང་ཐིག་གི་གདམས་ངག་རྣམས་ཆེས་གསང་རྒྱ་དམ་པོས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན(742-800)་ཡབ་སྲས་དང་། ལོ་ཙ་བ་ཀ་ཅོག་ཞང་གསུམ། ཉང་བན་ཏིང་འཛིན་བཟང་པོ་བཅས་ལ་གནང་། བརྒྱུད་པ་དེ་ལ་བི་མ་སྙིང་ཐིག་ཅེས་འབོད། དེ་ཡང་ཁྲིད་ཡིག་དངོས་ནི་གསེར་ཡིག་ཅན་དང་། གཡུ་ཡིག་ཅན། ཟངས་ཡིག་ཅན། དུང་ཡིག་ཅན་ཞེས་ཕྱེ་བའི་ནང་དུ་རྫོགས་པ་ཆེན་པོའི་མན་ངག་བརྒྱ་དང་བཅུ་དགུ་འདུས་པ་ཟབ་པ་པོད་བཞི་ཞེས་བཞུགས་པ་དེ་ཡིན།

དེ་ཡང་སློབ་དཔོན་ཆེན་པོ་བི་མ་མི་ཏྲས་ཉང་ཏིང་འཛིན་བཟང་པོ་ལ་གནང་། དེས་འབྲོ་རིན་ཆེན་འབར་ལ། དེས་བློ་གྲོས་དབང་ཕྱུག་ལ། དེས་ལྡང་མ་ལྷུན་གྲུབ་རྒྱལ་མཚན་ལ། དེས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ། དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ་ལ། དེས་མཁས་པ་ཉི་འབུམ་ལ། དེས་གུ་རུ་ཇོ་འབེར་ལ། དེས་འཁྲུལ་ཞིག་སེང་གེ་རྒྱབ་པ་ལ། དེས་གྲུབ་ཆེན་མེ་ལོང་རྡོ་རྗེ་(1243-1303)ལ། དེས་རིག་འཛིན་ཀུ་མ་ར་ཛ་(1266–1343)ལ། དེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས(1308 – 1363) ་ལ་གནང་།

མཁའ་འགྲོ་སྙིང་ཐིག

མཁའ་འགྲོ་སྙིང་ཐིག་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་བྱུང་། དེ་ཡང་མན་ངག་གི་བརྒྱུད་པ་ནི་རིག་འཛིན་ཤྲི་སེང་ཧས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གནང་། སློབ་དཔོན་ཆེན་པོ་རང་ཉིད་ཀྱི་མན་ངག་དང་བཅས་པ་བཞོ་སྟོད་ཏི་སྒྲོའི་སྒྲུབ་ཕུག་ཏུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གཏེར་དུ་སྦས་པ་ཕྱིས་སུ་ཟབ་གནད་རྣམས་གཏེར་སྟོན་མང་པོའི་གཏེར་ཆོས་ཀྱི་ཞར་ལ་འབྱུང་བ་ཡིན། ལྷག་པར་ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ལོ་བརྒྱད་ལ་སོན་སྐབས་གྲོངས་པར་བཙན་པོས་མྱ་ངན་ཆེན་པོ་མཛད་། སློབ་དཔོན་པདྨ་འབྱུང་གནས་སོགས་ཆེ་རྒུ་ཚང་མས་སེམས་གསོ་བྱས་ཀྱང་མྱ་ངན་སངས་བར་མ་ནུས་པའི་སྐབས་སུ། སློབ་དཔོན་ཆེན་པོས་གཤིན་པོའི་ཕུང་པོའི་སྙིང་ཁར་ཡི་གེ་ནྲི་ཞིག་བྲིས་ནས་སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ལས་ལྷ་ལྕམ་གྱི་རྣམ་པར་ཤེས་པ་སླར་ཡང་དངོས་སུ་བཀུག་ནས་འགུལ་ཞིང་སྨྲ་ཤེས་པར་གྱུར། དེར་སློབ་དཔོན་ཆེན་པོས་རྗེས་སུ་བཟུང་ནས་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཡོངས་སུ་རྫོགས་པ་གནང་། མ་འོངས་པར་ལྷ་ལྕམ་ཉིད་ཀྱི་སྐུ་སྐྱེ་མི་ཡུལ་དུ་འཁྲུངས་ནས་སྙིང་ཐིག་གི་བསྟན་པ་གསལ་བར་བྱེད་པར་སྨོན་ལམ་གཏད་རྒྱ་མཛད། ཕྱིས་སུ་ལྷ་ལྕམ་པདྨ་ལས་འབྲེལ་རྩལ་གྱི་ཡང་སྲིད་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ཏེ་རྒྱལ་སྲས་ལེགས་ལྡན་ལ་གནང་། དེས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ལ་གནང་། དེ་ལྟར་མཁའ་འགྲོ་སྙིང་ཐིག་ནི་ཐོག་མར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལྷ་ལྕམ་པདྨ་གསལ་ལས་བརྒྱུད་པ་ཡིན་སྟབས་མཁའ་འགྲོ་སྙིང་ཐིག་ཅེས་ཐོགས། མཁའ་འགྲོ་སྙིང་ཐིག་གི་ནང་དུ་བཏགས་གྲོལ་གྱི་རྒྱུད་མ་བུ་བཅུ་གཉིས་སུ་གྲགས་པ་དང་སངས་རྒྱས་ཀྱི་འདས་རྗེས་གསུམ་སོགས་ཆོས་ཚན་དྲུག་ཅུ་རེ་ལྔ་བཞུགས། དེ་ཡང་མཁའ་འགྲོ་སྙིང་ཐིག་གི་མན་ངག་ངོ་སྤྲོད་ཀྱི་དུས་སུ་བཏགས་གྲོལ་གྱི་རྒྱུད་བཅུ་གཉིས་དང་སངས་རྒྱས་ཀྱི་འདས་རྗེས་གསུམ་ཁུངས་སུ་དྲངས་ཡོད།

དེ་ལྟར་བི་མ་སྙིང་ཐིག་ནི་བཀའ་མ་དང་མཁའ་འགྲོ་སྙིང་ཐིག་གཏེར་མ་ཡིན། དེ་ལྟར་བཀའ་གཏེར་ཟུང་འཇུག་གི་སྙིང་ཐིག་དེ་ཉིད་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་ནས་སྙིང་ཐིག་མ་གཉིས་དང་། དེ་ལ་ཀུན་མཁྱེན་ཀློང་ཆེན་པ་རང་གིས་དགོངས་འགྲེལ་ལྟ་བུའི་མཁའ་འགྲོ་ཡང་ཐིག་དང་བི་མ་ཡང་ཐིག་གཉིས་ནི་སྙིང་ཐིག་བུ་གཉིས་ཏེ་བཞི་ལ་སྙིང་ཐིག་ཡ་བཞི་ཞེས་པ་དེ་རེད། ད་དུང་ཀློང་ཆེན་པས་བི་མ་སྙིང་ཐིག་དང་མཁའ་འགྲོ་སྙིང་ཐིག་གཉིས་ཀྱི་མན་ངག་ཟབ་གནད་ཕྱོགས་གཅིག་ཏུ་བསྡོམས་ནས་ཟབ་མོ་ཡང་ཐིག་མཛད། ཡིན་ན་ཡང་ཟབ་མོ་ཡང་ཐིག་ནི་དེ་ཙམ་མི་རྒྱས། གཞན་ཡང་བི་མ་སྙན་བརྒྱུད་སོགས་གཏེར་མའི་ཕྱོགས་ཀྱི་ཁྲིད་ཡིག་ཅིག་གི་ནང་ནས་རིག་འཛིན་རྒོད་ལྡེམ་དངོས་གྲུབ་རྒྱལ་མཚན(1337-1408)་གྱིས་གཏེར་ནས་བཞེས་པ་བྱང་གཏེར་དགོངས་པ་ཟང་ཐལ་དང་། སྨིན་གླིང་གཏེར་ཆེན(1646-1714)་གྱི་ཨ་ཏི་ཟབ་དོན་སྙིང་པོ་སོགས་ཀྱང་སྐད་གྲགས་ཆེ།

སྙིང་ཐིག་པའི་ཆོས་རྒྱུད།

རིག་འཛིན་འཇིགས་མེད་གླིང་པའི(1729–1798)་སློབ་མ་འཇིགས་མེད་རྣམ་བཞི་ལས་སྙིང་ཐིག་པ་ཞེས་སྔ་འགྱུར་རྙིང་མའི་ནང་ཚན་གྱི་ཆོས་རྒྱུད་ལྟ་བུ་ལོགས་སུ་བྱུང་། དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ནས་སྙིང་ཐིག་གི་མན་ངག་བརྒྱུད་དེ་རིག་འཛིན་འཇིགས་མེད་གླིང་པ་ལ་ཐུག་གི་བར་དུ་སློབ་དཔོན་བཅུ་བཞི་ཙམ་ཡོད་པ་དེ་ལ་རིང་བརྒྱུད་ཟེར། རིག་འཛིན་འཇིགས་མེད་གླིང་པས་ལོ་གསུམ་གྱི་རིང་ལ་བསམ་ཡས་འཆིམ་ཕུའི་གསང་ཆེན་མེ་ཏོག་ཕུག་ཏུ་བཅད་རྒྱ་དམ་པོས་སྙིང་པོ་དོན་གྱི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས་སུ་ཀུན་མཁྱེན་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུའི་ཞལ་གཟིགས་ཐེངས་གསུམ་ལ་བྱུང་། དོན་བརྒྱུད་དགོངས་པའི་རྟོགས་པ་འཕོས་ཤིང་རྡོ་རྗེའི་གསུང་གི་གནང་བ་ཐོབ་པ་དེ་ལ་ཉེ་བརྒྱུད་ཟེར།

རིག་འཛིན་འཇིགས་མེད་གླིང་པའི་སློབ་མར་གྱུར་པ་མི་ཆེན་བླ་ཆེན་སོགས་ཆེས་མང་པོ་ཡོད་མོད་རང་ཉིད་ཀྱི་ཆོས་བདག་གམ་སྙིང་ཐིག་གི་བསྟན་པ་སྤེལ་བར་བཀའ་ཡི་གནང་བ་ཐོབ་པའི་སློབ་མ་ནི་ཐུགས་ཀྱི་སྲས་འཇིགས་མེད་ཀྱི་མཚན་ཅན་རྣམ་པ་བཞི་བྱུང་། དེ་ཡང་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་(1745–1821)། འཇིགས་མེད་རྒྱལ་བའི་མྱུ་(1765-1843)། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར། མོན་བླ་འཇིགས་མེད་ཀུན་གྲོལ་རྣམ་རྒྱལ་བཅས་ཡིན། དེ་དག་གི་ནང་ནས་མཛད་པ་འཕྲིན་ལས་རྒྱ་ཆེ་ཤོས་ནི་རྡོ་གྲུབ་རིན་པོ་ཆེ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་རྣམ་གཉིས་ཡིན། དེ་ཡང་རྡོ་གྲུབ་ཆེན་རིན་པོ་ཆེས་ཕྱི་ལོ་༡༨༡༠ལོར་ཐོག་མར་གསེར་སྟོད་དུ་གྲུབ་ཆེན་ཡར་ལུང་དགོན་ཕྱག་བཏབ་པ་རྗེས་སུ་རྡོ་གྲུབ་སྐུ་ཕྲེང་གཉིས་པའི་སྐབས་སུ་ཉམས་ཆག་གི་རྐྱེན་ལས་དགོན་པ་སྤོ་དགོས་བྱུང་བས་རྡོ་ཁོག་སྟོད་ཏུ་གྲུབ་ཆེན་དགོན་རྩང་ཆེན་དཔལ་དབར་གླིང་ཕྱག་བཏབ་པ་རྡོ་གྲུབ་ཆེན་གྲུབ་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི(1865-1926)་དུས་སུ་དར་རྒྱས་ཆེན་པོ་བྱུང་། ཕྱིས་སུ་གསེར་སྟོད་གྲུབ་ཆེན་ཡར་ལུང་དགོན་པ་ཡང་བསྐྱར་གསོ་བྱུང་བ་སོགས་རྡོ་གྲུབ་ཆེན་རིན་པོ་ཆེ་དང་ཁོང་གི་སློབ་མ་ཚོས་མདོ་སྨད་མཚོ་སྔོན་པོའི་རྒྱུད་ཚུན་ཆོད་དུ་དགོན་གནས་མང་དུ་བཏབ། རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་ (1927..)མཆོག་གིས་འབྲས་མོ་ལྗོངས་སུ་ཆོས་སྡེ་བཏབ་ཅིང་བཤད་སྒྲུབ་ཀྱི་རྒྱལ་མཚན་བཙུགས་ཏེ་ད་ལྟ་ཡང་སྐུ་འཚོ་ཞིང་གཞེས་བཞིན་པ་འདིའོ༎

འཇིགས་མེད་རྣམ་བཞིའི་ཡ་གྱལ་དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་ལ་སྡེ་དགེ་རྒྱལ་པོས་སྦྱིན་བདག་བྱས་ནས་རྫ་ཆུ་ཁར་ཀི་ལུང་དགོན་པ་ཕྱག་བཏབ། མོན་བླ་འཇིགས་མེད་ཀུན་གྲོལ་རྣམ་རྒྱལ་གྱིས་ལྷོ་འབྲུག་ཏུ་གཡུང་ལ་དགོན་པ་ཕྱག་བཏབ་སོགས་སྙིང་ཐིག་པའི་བསྟན་པ་དར་རྒྱས་བྱུང་། ལྷག་པར་ཡང་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་སྙིང་ཐིག་གི་བཤད་རྒྱུན་ཕྲིན་ལས་དར་ཁྱབ་ཆེན་པོ་བྱུང་། ཁོང་གི་སློབ་མ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་(1808-1887)དང་། དེའི་སློབ་མ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་(1829-1901/2)སོགས་ཀྱི་སློབ་མ་ཡང་སློབ་ཚོ་ལས་གསང་བ་སྙིང་ཐིག་གི་བསྟན་པ་མིང་ཙམ་དུ་མ་ལུས་པར་ཐོས་བསམ་སྒོམ་པའི་ཕྲིན་ལས་ཡར་ངོའི་ཟླ་བཞིན་རྒྱས་པ་ཡིན།

དེ་བཞིན་དུ་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་སློབ་མ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་(1800-1866)དང་ཁོང་གི་ལྕམ་སྲིང་མ་ཌཀྐི་བློ་གསལ་སྒྲོལ་མ། གདུང་རྒྱུད་རིམ་བྱོན་སྟེ།  སྲས་མོ་མཁའ་དབྱིངས་སྒྲོལ་མ(1823-1855) །  རིགས་སྲས་ཤེས་རབ་མེ་འབར (1829-1842)།  རྒྱལ་སྲས་རིག་པའི་རལ་གྲི(1830-1874)།  མདོ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ།  མདོ་ཚེ་འཛིན་དབང་མོ།  དེང་དུས་སུ་སྐུ་འཚོ་ཞིང་གཞེས་བཞིན་པ་མདོ་ཟླ་གསལ་དབང་མོ་སོགས་ཀྱིས་ཀྱང་རྒྱལ་བསྟན་སྤྱི་དང་སྙིང་ཐིག་བསྟན་པ་ཕྱོགས་མཐར་སྤེལ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུ་སྐྱེ་ཨ་མདོ་གཟན་དཀར་པདྨ་དངོས་གྲུབ་རོལ་པའི་རྡོ་རྗེ(1881-1943)། དེའི་ཡང་སྲིད་གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ(1943)་ད་ལྟ་ཡང་བོད་ཀྱི་རིག་པའི་གནས་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་ཡར་ཟླ་བཞིན་རྒྱས་པ་འདིའོ། །

སྙིང་ཐིག་གླེང་སྟེགས་ལས་གནས་སྐབས་འདིར་དྲངས་པ་ཡིན།

Dharma Topics

The Authentic Path - a wise search Entering the Path of Buddhism Buddha Sakyamuni - the three turnings Dzogchen - the Great Perfection Longchen Nyinthik - the Heart Essence The Patrul Reincarnation - lineage and biographies Dzogchen Monastery Tibet - a pilgrimage Patrul Rinpoche's schedule Exit, Links, Greeting cards Universal Treasury Wisdom The Zangdok Palri Foundation Study and practice material Centres worldwide Home Page & News Visiting Teachers biographies & schedule