Patrul Rinpoche Website

The Patrul Reincarnation - lineage and biographies















Patrul Rinpoche

༄༅། དཔག་མེད་རབ་འབྱམས་རྒྱལ་བ་ཇི་སྙེད་ཀྱི། །

མ་ལུས་ཡོན་ཏན་འབྱུང་བའི་གཟི་གྱུར་པ། །

སྟོན་མཆོག་མཚུངས་མེད་ཐུབ་པའི་དབང་པོ་ཡིས། །

འབྲལ་མེད་ཐུགས་བརྩེས་རྟག་ཏུ་སྐྱོངས་མཛོད་ཅིག །

མཆོད་པར་བརྗོད་པའི་མེ་ཏོག་གི་ཆུན་པོས་མདུན་བསུས་ཏེ་འདིར་གང་གླེང་བར་བྱ་བ་ནི། བོད་ཆེན་པོ་ནོར་འཛིན་གྱི་ཞིང་མཆོག་ཏུ་མཉམ་མེད་ཐུབ་པའི་དབང་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལམ་བསླབ་པ་གསུམ་དང་། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་སྒོམ་སྒྲུབ་ཇི་བཞིན་བྱེད་པའི་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་གྲགས་པའི་རྩ་བ་འམ་ཕྱི་མོ་ལྟ་བུར་གྱུར་པ་ནི་དཔལ་གསང་ཆེན་སྔ་འགྱུར་པ་ཞེས་པ་དེ་ཉིད་ཡིན་ལ། དེ་ལས་ཀྱང་སྲིད་ན་གྲགས་པའི་བ་དན་ཆེས་ཆེར་བསྒྲེངས་པའི་དགོན་སྡེ་ཆེན་པོ་དྲུག་ཏུ་མཆིས་པའི་ཡ་གྱལ། མདོ་ཁམས་གྲུབ་པའི་དབང་ཕྱུག་རྒྱལ་བ་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་དུ་མ་བྱོན་ཡོད་པ་ལས། ར་ཉག་དཔལ་སྤྲུལ་བསྟན་འཛིན་ཉི་མ་རིན་པོ་ཆེ་འདི་ཉིད་ཀྱི་རྣམ་པར་ཐར་པ་བཀོད་པ་ལ་གཉིས་ཏེ། སྐུ་ཕྲེང་རིམ་བྱོན་གྱི་བྱུང་བ་མདོ་ཙམ་བཤད་པ་དང་། འདི་ཉིད་ཀྱི་ལོ་རྒྱུས་ཆེ་ལོང་ཙམ་བརྗོད་པའོ།།

དེ་ཡང་སྐུ་ཕྲེང་དང་པོ་མདོ་ཁམས་ཀྱི་ཕྱོགས་སུ་ནང་ཆེན་རཀ་ཤུལ་ཡུལ་དུ་ར་ཉག་ཞེས་པའི་དམ་པའི་སྐྱེས་བུ་མང་པོ་རྒྱུན་མ་ཆད་པའི་རིགས་རུས་སུ་སྐྱེད་ཡབ་ར་ཉག་གྲུབ་ཆེན་རིན་པོ་ཆེ་ཞེས་ཉམས་རྟོགས་བླ་ན་མེད་པ་གྲུབ་སྨྱོན་གྱི་སྤྱོད་པ་འབའ་ཞིག་གནང་མཁན་ཞིག་དང་། སྐྱེད་ཡུམ་ཀླུ་མོ་ཞེས་ཡུལ་མི་ཀུན་གྱིས་བསྔགས་འོས་སུ་གྱུར་པ་ཞིག་ཡོད་པ་ཁོང་རྣམ་གཉིས་ལ་སྲས་གཉིས་དང་སྲས་མོ་གཅིག་སྟེ་གསུམ་ཡོད། སྲས་ཆུང་བ་དེ་ཕྱི་ལོ་༡༨༣༢ བོད་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ལོའི་ས་ག་ཟླ་བའི་ཚེས་བཅུའི་ཉིན་འཁྲུངས། དེ་མ་ཐག་ཡབ་ཀྱིས་འདི་ང་ཉིད་ནང་བཞིན་སྨྱོན་པའི་ངང་ཚུལ་ཅན་ཞིག་སྐྱེ་ཡང་འདི་ང་དང་མི་འདྲ་བ་འདིའི་སེམས་ཅན་གཞན་ལ་ཕན་ཐོག་རྒྱ་ཆེན་འོང་བས་བཙོག་མ་བཅུག་ཅེས་པ་སོགས་ཡུམ་ལ་མང་པོ་གསུངས། སྲས་འདི་པའི་མཚན་ལ་ར་ཉག་རྒྱལ་སྲས་སམ་ར་ཉག་གྲུབ་སྨྱོན་དུ་འབོད། རྗེས་སུ་རྫོགས་ཆེན་དང་ཁང་དམར་དགོན་སོགས་ཀྱིས་ཁོང་ལ་ར་ཉག་གྲུབ་ཆེན་རིན་པོ་ཆེ་ཞེས་འདི་ཕྱི་གཏན་གྱི་སྐྱབས་གནས་ཉག་གཅིག་ཏུ་བཀུར། རྗེ་འདི་ཉིད་ར་ཉག་དཔལ་སྤྲུལ་གྱི་ཕ་ཡབ་ཡིན། ཁོང་གི་རྣམ་ཐར་གྱི་ཡང་རྩེར་སོན་པའི་ལོ་རྒྱུས་ནི། སྐུ་ན་ཆུང་བའི་སྐབས་ཡབ་ལས་འབྲི་ཀློག་ཅུང་ཟད་གསན་ཀྱང་གྲུབ་སྨྱོན་གྱི་སྤྱོད་པ་ལས་སྦྱང་བརྩོན་ལ་མ་ཕྱོགས་ཏེ། ལོ་འགའི་རིང་སྦས་པའི་རྣལ་འབྱོར་གྱི་ཚུལ་གནང་བ་སོགས་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་རྣམ་ཐར་ལས་ཉིན་གཅིག་རྫ་རྒྱལ་འཕེན་ཕྱུགས་ངོས་ལ། རི་དྭགས་བཤོལ་ཚུལ་གྱིས་བསྐོར་བར་ཕྱིན་པས། སྒང་ཐོག་ཞིག་ན། ངོ་མ་ཤེས་པའི་སྐྱེས་བུ་དྲག་རྩལ་ཅན་ཞིག་དང་འཕྲད། སློང་རྐྱེན་གང་ཡང་མེད་པར་ངེད་རང་གཉིས་གཅིག་གིས་གཅིག་ལ་ཞེ་སྡང་དྲག་པོ་མེ་ལྟར་འབར་བས། མཚོན་ཆ་སྣ་ཚོགས་བརྡེག་རེས་དང་། འཐབ་འཛིང་སྣ་ཚོགས་བྱས་ཀྱང་ཕན་ཚུན་གླགས་མ་རྙེད་པར། རིའི་རྩེར་ཕྱིན་ཏེ་བྲོ་གར་སྣ་ཚོགས་བྱས་ཤིང་། སླར་སྔོན་གྱི་བག་ཆགས་སྐྱེ་བ་དྲན་པས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། ཞག་གཅིག་བར་ཉམས་རྟོགས་བསྡུར་ཞིང་སང་སྔ་བར་བརྩེ་གདུང་འབྲལ་མི་ཕོད་བའི་ངང་ནས་སོ་སོར་གྱེས་དགོས་པ་ནི་ཡུལ་དེའི་ཟོ་དོར་ཡུལ་ཕུད་ཅིང་། གསར་སྐྱེས་རྒྱལ་བསེན་འབྱུང་པོས་བཟུང་འདུག་པ། གནས་དབྱུངས་ཏེ་ཟོ་དོར་རང་གནས་སུ་བཀོད་པ་དེ་ཡང་གསང་ཚུལ་ཙམ་ལས་ཁྱབ་གདལ་དུ་མ་སྤེལ། རི་དེའི་རྩེར་ཞབས་རྗེས་མི་འདྲ་བ་གསུམ་ཙམ་ཡོད་ཀྱང་། སུ་ཞིག་གིས་མཐོང་ཐོས་སུ་མ་གྱུར། སྐྱེས་བུ་དེ་ནི་ར་ཉག་གྲུབ་པའི་དབང་ཕྱུག་གི་སྲས་ཆུང་སྦས་པའི་གྲུབ་ཐོབ་ཆེན་པོ་ཡིན་པར་གདའ། དེ་རྗེས་དགུང་གྲངས་ ༣༠ ཙམ་ལ་གདུལ་བྱའི་ལྷག་མ་དབུས་གཙང་ཕྱོགས་སུ་ཡོད་པར་མཁའ་འགྲོའི་བརྡ་ལུང་ལ་བརྟེན་ནས། དེ་མ་ཐག་ཞོགས་པའི་ཉི་རྩེ་དང་ལྷན་དུ་ཨ་ཅོའི་ཚུལ་མཛད་དེ་ཁམས་ཀྱི་རི་བོ་ཆེ་བརྒྱུད་ནས་དབུས་གཙང་ཕྱོགས་ལ་ཕེབས་སྐབས། ལམ་བར་ནས་རྟེན་འབྲེལ་བརྡ་ཡི་མཚན་མ་མི་འཆུག་པའི་ཆེད་དུ་གསང་ཡུམ་པདྨ་བདེ་མཚོ་དང་ཡེ་ཤེས་མཚོ་གཉིས་འཁོར་དུ་ཁྲིད་དེ་ཕེབས། དབུས་གཙང་གི་གནས་ཆེན་མཐའ་དག་བསྐོར་ཅིང་སྒྲུབ་གནས་རྣམས་སུ་སྒྲུབ་པ་ཉམས་བཞེས་མཛད་སྐབས། ཉེ་ལོགས་ཀྱི་དགོན་སྡེ་དེའི་གྲྭ་ཚང་གིས་སྔགས་པའི་མཛད་སྤྱོད་ལ་མ་དགའ་བར་རྡུང་རྡེག་བྱས་ཤིང་དབུ་སྐྲ་གཅོད་པ་སོགས་ཚོད་མེད་ཀྱི་ལས་བརྩམས་སྐབས། དེ་དག་ལས་གྲྭ་པ་ཁ་ཤས་ཀྱི་ཁ་ནས་ཁྲག་བཏོན་པ་དང་། ཁ་ཤས་ཀྱིས་སྨྲ་བརྗོད་མི་ནུས་པར་ཅེར་གྱིས་འདྲ་འབག་ནང་བཞིན་འདུག་དགོས་བྱུང་བ་སོགས། སྔགས་ནུས་ཕྱི་རུ་བཏོན་པའི་སྟབས་ཀྱིས་ཡུལ་དེའི་སྐྱ་སེར་དགོན་སྡེ་ཀུན་གྱིས་མགོ་འབུལ་ཞུ་ཕྱག་བྱས་ཤིང་བཤགས་པར་དགོན་དེར་གུ་རུ་རིན་པོ་ཆེའི་འདྲ་སྐུ་ཞིག་བཞེངས་དགོས་བྱུང་བ་དང། དེ་དང་ཆབས་ཅིག་ལོ་བསྟུད་མར་གུ་རུའི་དུང་སྒྲུབ་རེ་འཚོགས་རྒྱུའི་དམ་བཅའ་བྱེད་དགོས་བྱུང་། དེ་ནས་གནས་སྤར་ཏེ་དགའ་ལྡན་གྱི་ཉེ་ཕྱོགས་ཤིག་ན་བསྙེན་སྒྲུབ་ལ་གཞོལ་ཏེ་བཞུགས་སྐབས། སེམས་ཅན་ཁ་ཤས་ཀྱི་སྡུག་བསྔལ་མཐའ་ཅན་དུ་བྱེད་པའི་ལས་སྨོན་དུས་སུ་སྨིན་པ་ལ་དགོངས་ཏེ། དེ་གར་སེམས་ལྡན་དུད་འགྲོ་བ་གླང་སོགས་བསད་དེ་ནང་ཆས་ཕྱི་རུ་བཏོན་ཅིང་སླར་ཡང་དུ་ཚག་གིས་མགོ་ལ་རྡེབ་རྡེབ་དང་སེ་གོལ་རེ་དང་མཉམ་དུ་ཡར་སོས་པར་བྱས་ཏེ་སོ་སོའི་རང་གནས་སུ་བཏང་བ་དང་། གཞན་ཡང་སྐུ་ཉིད་གང་དུ་བཞུགས་པའི་ཉེ་འཁོར་དུ་རྩི་ཤིང་ནགས་ཚལ་སོགས་ལས་བཛྲ་གུ་རུའི་རང་སྒྲ་སྒྲོག་བཞིན་ཡོད་པ་མཆོག་དམན་ཀུན་གྱིས་ཚོར་ཐུབ་པ་བྱུང་སྐབས་གསར་རྙིང་གི་ཕྱོགས་རིས་ཅན་གྱི་གྲྭ་གཞོན་འགས་འཛིན་བཟུང་བྱེད་པར་བརྩམས་པ་ན། དེ་མ་ཐག་གསང་ཡུམ་གཉིས་མཆན་ཁུང་གཡས་གཡོན་དུ་བཅུག་སྟེ་གཙང་པོའི་ཆུ་འཕྲེད་གཅོད་དུ་ཕེབས་སྐབས་ཞབས་གཉིས་ཆུ་ལ་མ་རེག་པར་ཕེབས་པ་ཀུན་གྱི་མཐོང་སྣང་དུ་གྱུར་པ་སོགས་གྲུབ་པའི་མཛད་སྤྱོད་མཐའ་ཡས་པས་གདུལ་བྱ་གདུག་པ་ཅན་གྱི་བློ་ཁ་ཆོས་ཕྱོགས་སུ་བསྒྱུར། དེ་ནས་དགོང་གྲངས་ ༤༠ ཙམ་ལ་གངས་རིན་པོ་ཆེའི་ཕྱོགས་སུ་གནས་མཇལ་ཕེབས་ཏེ་ཡུན་རིང་བཞུགས་ཤིང་། ཉིན་གཅིག་གསང་ཡུམ་ཡེ་ཤེས་མཚོས་ད་ང་འགྲོ་བའི་དུས་ལ་བབ་སོང་ཉིད་ཀྱིས་ཚོགས་འཁོར་ཞིག་བསྐོར་བར་ཞུ་ཞུས་པས། ཡབ་ཀྱིས་དེ་བཞིན་གནང་འཕྲལ་ཚོགས་འཁོར་གྱི་སྐབས་སུ་ཞི་དབྱིངས་སུ་གཤེགས། གསང་ཡུམ་པདྨ་བདེ་མཚོ་ལ་བུ་མོ་གངས་མཚོ་ཞེས་པ་གཅིག་དང་བུ་གངས་ཕྲུག་ཞེས་པ་གཅིག་སྟེ་གཉིས་འཁྲུངས། དེ་གཉིས་ཅུང་ནར་སོན་པ་དང་། མཉམ་དུ་བྱང་ཁ་རྒྱུད་ནས་བྱང་འབྲོག་ཨ་མདོ་ཙོང་ཁ་སྡེ་གསུམ་གྱི་སའི་ཆར་གཏོགས་པ། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཕྱོགས་སུ་རྐང་ཚ་ཚོ་སྒོ་བཅུ་གཉིས་ཀྱི་དཔོན་པོའི་མཆོད་གནས་སུ་གྱུར་ཏེ་དེ་གར་ས་ཐོབ་དགོན་དང་། མཚོ་སྙིང་སོགས་སུ་བསྙེན་སྒྲུབ་ལོ་ཤས་རིང་མཛད། སླར་ཡང་གསང་ཡུམ་ལ་སྲས་མོ་སངས་རྒྱས་མཚོ་ཞེས་པ་ཞིག་འཁྲུངས། ལོ་གཅིག་ཙམ་གྱི་རྗེས་སུ་གསང་ཡུམ་སྦྲུམ་མའི་རྣམ་པར་སྟོན་པ་ན། ཡབ་ཀྱིས་ཡུམ་ལ་རྣལ་འབྱོར་པ་ལ་ཕྲུ་གུ་མང་བ་མི་ལེགས་ཀྱང་ད་འདི་དག་རྣམས་ཀྱིས་སེམས་ཅན་ལ་ཕན་རེ་ཨེ་ཐོག གང་ལྟར་ཡིན་ཡང་ད་ལྟ་ཁྱེད་ཀྱི་ལུས་ལ་ཡོད་པ་དེ་ང་རང་གཉིས་ཀྱི་ཕྲུ་གུ་ཐ་མ་ཡིན། འདི་ཉིད་ངས་ཉམས་དང་རྨི་ལམ་རྟགས་མཚན་གང་ལ་བརྟགས་ན་ཏན་ཏན་སྐྱེས་བུ་དམ་པ་ཞིག་གི་སྐྱེ་སྲིད་ཡིན། ཁོང་སྐུ་ཚེ་མཐར་ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་ངེས། ཡིན་ཡང་བར་ཆད་མང་བས་རིམ་གྲོ་དགོས་གསུངས་ནས་ཙིའུ་དམར་དང་གྲི་བཙན་སོགས་ལ་ཕྲིན་ལས་བཅོལ་ཏེ་ཡི་དམ་རྟ་མགྲིན་གྱི་བསྙེན་མཚམས་ལ་གཞོལ། ཡུམ་ལ་ཡོད་པའི་སྲས་དེ་ཕྱི་ལོ་ ༡༨༩༢ བོད་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ལོའི་ས་ག་ཟླ་བའི་ཚེས་བདུན་ཉིན། ནམ་མཁའ་འཇའ་དང་བར་སྣང་དུ་བཛྲ་གུ་རུའི་རང་སྒྲ་བྱུང་བ་སོགས་ངོ་མཚར་བའི་རྟགས་དུ་མ་དང་བཅས་ཏེ་འཁྲུངས། ཡབ་ཀྱིས་ཡུམ་ལ་ཕྲུ་གུ་འདི་ལ་བར་ཆད་མང་གསུངས་ཏེ་སླར་ཡང་བསྙེན་མཚམས་ལ་གཞོལ། བསྙེན་མཚམས་སུ་སྲས་དང་བཅས་ཁམས་རྫོགས་ཆེན་དུ་ཕེབས་ན་བཟང་ཟེར་བའི་ཉམས་སྣང་ཞིག་བྱུང་བ་ལ་བརྟེན། བློ་བུར་དུ་མཚམས་ལས་ལངས་ཏེ་ཁམས་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ནས་གྲུབ་དབང་རྫོགས་ཆེན་དགོན་དུ་འབྱོར། རྫོགས་ཆེན་དགོན་གྱིས་ཀྱང་གྲ་སྒྲིག་དང་བསུ་མ་སོགས་ཟབ་རྒྱས་བྱས། དེ་མ་ཐག་རྫོགས་ཆེན་རིན་པོ་ཆེའི་སྐུ་ཕྲེང་ལྔ་པའི་མདུན་དུ་ཡབ་ཡུམ་སྲས་བཅས་མཇལ་འཕྲད་གནང་། རྫོགས་སྤྲུལ་ལྔ་པ་ ༧ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ནས་གྲུབ་ཆེན་རིན་པོ་ཆེ་ཁྱེད་ཀྱི་སྲས་སྲས་མོ་རྣམས་ལས། སྲས་མོ་ཆེ་བ་འདིས་གདུང་རྒྱུད་གཟུང་ན་ལེགས། སྲས་མོ་ཆུང་ཤོས་འདི་ཤ་ཟ་ལས་ཀྱི་མཁའ་འགྲོ་མའི་སྤྲུལ་པ་ཡིན་པས་ཨ་ནེ་བྱས་ན་བཟང་། སྲས་ཆེ་བ་འདི་ཉིད་ཤ་སྐོར་སྤྲུལ་སྐུ་ཡིན་པས་འདི་ལ་བདག་ཉར་བ་བསླེབ་ཡོང་། གདུང་སྲས་ཆུང་བ་འདི་ཉིད་རྫ་དཔལ་དགེའམ་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་ཡིན་པས། འདི་ང་ལ་དགོས་གསུངས་ཏེ་ངོས་འཛིན་མཛད་ཅིང་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་བཀོད། དེ་སྐབས་རྫོགས་ཆེན་དགོན་གྱི་ཆིབས་རྟ་ཡོངས་ལ་རྟ་ནད་ཟློག་དཀའ་བ་ཞིག་བྱུང་བས་རྫོགས་ཆེན་རིན་པོ་ཆེས་ར་ཉག་གྲུབ་ཆེན་ལ་ཞུས་གསུངས། རྫོགས་གྲྭ་རྣམས་ནས་ཁྲེལ་རྒོད་བཏང་སྟེ་རྫོགས་ཆེན་རིན་པོ་ཆེས་ཅི་གསུངས་འདི་གསུངས་མི་འདུག །གནས་འདིར་སངས་རྒྱས་མི་གཟུགས་སུ་གྲུབ་པ་ཤ་སྟག་བཞུགས་པ་ལ་ཞུས་མི་གསུངས་པར་སྔགས་རྒན་རལ་པ་ཅན། བུད་མེད་དང་ཕྲུ་གུས་བསྐོར་ཡོད་མཁན་ཞིག་ལ་ཞུས་གསུངས་པ་དེ་མཚར་བ་ལ་ཟེར། གཉེར་ཕྱག་རྣམས་ནས་ཞུས་པས་གྲུབ་ཆེན་གྱིས་རྟ་ཀུན་འཆམ་རར་དེད་ཤོག་གསུངས། རྟ་ཀུན་འཆམ་རར་བསླེབས་མ་ཐག་གྲུབ་ཆེན་གྱིས་མེ་མདའ་བརྒྱབ་སྟེ་རྫོགས་ཆེན་རིན་པོ་ཆེའི་ཆིབས་རྟ་གཙོས་རྟ་གལ་ཆེན་ཁ་ཤས་ས་ལ་བསྒྱེལ་གཞན་ཡུལ་ཕུད་པས། དེར་གནས་ཀུན་གྱིས་འདིས་བྱས་སོང་ད་མ་ལེགས་ཟེར་བ་དང་། གྲུབ་ཆེན་གྱིས་སྔགས་ལ་ཞུགས་པའི་སྐྱེས་བུ་དེས་འཚོ་བ་གསོད་ཀྱང་ནུས་ལ། བསད་པ་གསོ་ཡང་ནུས་ཞེས་གསུངས་ཏེ་རྐེད་ནས་དུ་ཚག་ཚུར་བླངས་ནས་རྟ་རྣམས་ཀྱི་མགོ་ལ་རྡེབ་རྡེབ་མཛད་ཅིང་། སེ་གོལ་རེ་བྱས་པ་དང་མཉམ་དུ་རྟ་ཀུན་སྔར་བཞིན་སོས་པར་གྱུར་པས། དེར་གནས་ཀུན་ངོ་མཚར་ཏེ་གྲུབ་ཆེན་ནི་གྲུབ་ཆེན་ཟེར། འབྲོག་རུ་ཡུལ་དགོན་རྣམས་ཀྱིས་ཕྱག་བྱ་བའི་ཡུལ་དུ་གྱུར། དེ་ནས་ལོ་ཤས་རྗེས་སུ་རྫོགས་ཆེན་རིན་པོ་ཆེས་ར་ཉག་གྲུབ་ཆེན་ལགས་ད་ཁྱེད་ཉིད་ཁང་དམར་དགོན་དུ་བྱོན་དགོས། དེང་སང་ཁང་དམར་དགོན་བློ་བུར་འཕྲལ་རྐྱེན་ཞིག་གིས་བསྟན་པ་ལ་ཉམས་རྒུད་དང་། གྲྭ་ཚང་ཁ་མ་འཆམས་པ་སོགས་ཡོད་པས་ཁྱེད་ཕེབས་ན་འགྲོ་དོན་འབྱུང་གསུངས་ནས་ཁང་དམར་དགོན་དུ་བཏང་། ཁང་དམར་དཔོན་སློབ་ཀྱི་ལོ་རྒྱུས་ནང་འཁོད་ལྟར་ན། རྫོགས་ཆེན་རིན་པོ་ཆེ་ནས་ར་ཉག་གྲུབ་ཆེན་ཞེས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་གྲུབ་ཐོབ་ཀྱི་སྤྱོད་པ་ལྟར་མཛད་པ་ཞིག་དགོན་འདིར་གནང་། དམ་པ་འདི་ཉིད་ཁང་དམར་དགོན་དུ་ལོ་བདུན་བརྒྱད་ཙམ་བཞུགས་ཤིང་བསྟན་པའི་བྱ་བ་ཡང་རྒྱ་ཆེར་སྤེལ། དེ་ནས་རེ་ཞིག་གདུལ་བྱ་གཞན་ལ་ཞལ་གཟིགས་པའི་ཚུལ་བསྟན། འདའ་ཁའི་ཞལ་ཆེམས་ལ་ཁང་དམར་དགོན་འདིར་རྫོགས་ཆེན་དཔོན་སློབ་ཀྱི་སྤྲུལ་སྐུ་ཞིག་གནང་སྩོལ་ཞུས་ན། ཕྱིས་སུ་ཁང་དམར་དགོན་གྱི་བསྟན་པ་ལ་ཕན་ཐོག་ཆེན་པོ་ཡོང་རྒྱུའི་ལུང་བསྟན་པ་སོགས་མཁས་ཚུལ་གྲུབ་པའི་རྟགས་ཀྱི་ཡོན་ཏན་མངའ་བའི་དམ་པ་གང་ཉིད་དགུང་གྲངས་དོན་བདུན་ཕྱི་ལོ་ ༡༩༠༩ བོད་རབ་བྱུང་བཅོ་ལྔ་པའི་ཞི་བ་ཞེས་མཚོན་པའི་ས་བྱའི་ལོ་དབོ་ཟླ་བའི་ཚེས་ཉེར་ལྔའི་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་རེ་ཞིག་བསྡུ་ཚུལ་བསྟན། དུས་མཚུངས་སུ་ཡུམ་ཡང་གཤེགས།

དེ་ནས་སྲས་མོ་ཆེ་བ་གངས་མཚོ་ཞེས་པ་རྫོགས་སྤྲུལ་ལྔ་པའི་སྐུ་ཚ་ཤིག་དང་གཉེན་བསྒྲིགས། སྲས་མོ་ཆུང་བ་སངས་རྒྱས་མཚོ་རྫོགས་སྤྲུལ་ལྔ་པའི་ལུང་བཞིན་ཨ་ནེ་བྱས་ཏེ་རབ་ཏུ་བྱུང་། རིས་མེད་ཀྱི་བླ་མ་དུ་མར་བརྟེན་ནས་ཨ་མདོ་བྲག་དཀར་སྤྲེལ་རྫོང་དུ་ལོ་མང་བསྙེན་སྒྲུབ་ལ་བཞུགས། ཉེར་གནས་ཀུན་གྱི་ར་ཉག་ཨ་ནེ་ཞེས་སྙན་པ་འབར། སློབ་མ་ཡང་ཁ་ཤས་ཡོད་ཉིན་ཞིག་ཨ་ནེ་ཁ་ཤས་དང་མཉམ་དུ། ཧང་ངི་རི་རྒན་གྱི་རྩེར་འགྲོ་གསུངས་ཏེ་ཕྱིན། རི་རྩེར་བསླེབས་མ་ཐག་ལུས་རྣམ་སྣང་ཆོས་བདུན་དང་བཅས་ཏེ་གཤེགས། ཨ་ནེ་གཞན་རྣམས་ཀྱིས་ཅི་ཆ་མེད་པར་ཉིན་ཁ་ཤས་ལུས། ཉིན་ཤས་རྗེས་ཨ་ནེའི་སྐུ་ལུས་ཆུང་རུ་ཕྱིན། ཉིན་བདུན་གྱི་རྗེས་སུ་སྐྲ་སེན་མ་གཏོགས་ལུས་རྡུལ་ཕྲན་དུ་དེངས། ནམ་མཁའ་གཡའ་དག་འཇའ་འོད་ཀྱི་གུར་ཁྱིམ་སོགས་ངོ་མཚར་བའི་རྟགས་སུ་གྱུར། དེར་གནས་ཨ་ནེ་ཀུན་གྱིས་མི་འབྲལ་བའི་སྨོན་པ་དང་སྐྲ་སེན་ཁུར་ནས་སླར་བྲག་དཀར་སྤྲེལ་རྫོང་དགོན་དུ་ལོག །ད་ལྟའི་དུས་སུ་ཡང་མཇལ་རྒྱུ་ཡོད་པར་གྲགས།

གདུང་སྲས་ཆེ་བ་ཤ་སྐོར་མཆོག་སྤྲུལ་ཟླ་རྒྱུད་ཕྱོགས་སུ་ཕེབས། གདུང་སྲས་ཆུང་བ་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་ནི་མཁས་པའི་ཚུལ། གྲུབ་པའི་རྟགས། བཙུན་པའི་ཚུགས་སོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མཐའ་ཡས་པ་ལ་མངའ་དབང་འབྱོར་བའི་སྐྱེས་བུ་ཆེན་པོ་དེ་ཉིད་དགུང་གྲངས་ཉེར་ལྔའི་སྐབས་སུ་བློ་བུར་གྱི་འཕྲལ་རྐྱེན་འགའ་ཤས་ལ་བརྟེན་ཏེ་སྐྲ་དང་སེན་མོ་ཙམ་ལས་མ་ལུས་པར་དགུང་གྲངས་ཉེར་ལྔ་ཕྱི་ལོ་ ༡༩༡༧ བོད་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་ཉེར་ལྔ་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཤིང་དགོངས་རྫོགས་ཀྱི་བྱ་བ་རྣམས་སྐུ་ཚ་ཐུབ་བསྟན་དང་ཤ་སྐོར་སྤྲུལ་སྐུ་སོགས་ཀྱིས་ལེགས་པར་བགྱིས་པའོ། །

སྐུ་ཕྲེང་གཉིས་པ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་ཚ་དང་ཡུམ་པདྨ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༨ བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་སྐུ་འཁྲུངས། འཇིགས་བྲལ་བྱང་ཆུབ་རྡོ་རྗེས་སྒྲིབ་མེད་མངོན་སུམ་གྱིས་གཟིགས་ཏེ་གོང་མའི་སྐྱེ་སྤྲུལ་དུ་ཁྲིར་བཀོད། སྐུ་ན་ཆུང་ངུའི་དུས་ནས་མཁས་བཙུན་བཟང་པོས་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་དུས་ཀྱི་འགྱུར་ལྡོག་སོགས་ཀྱིས་དགུང་གྲངས་ཉེར་གཅིག །ཕྱི་ལོ་ ༡༩༥༩ ལོར་དགོངས་པ་གཞན་དབང་དུ་གྱུར་ཏེ་སྙུན་གཞི་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་གཟུགས་སྐུའི་བཀོད་པ་བསྡུས་སོ། །

གཉིས་པ་རྗེ་འདི་ཉིད་བོད་དང་བོད་ཆེན་པོའི་ཤར་ཕྱོགས་མདོ་ཁམས་ས་ཡི་ལྟེ་བ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཉེ་འདབས་སུ། ཡབ་གྲུབ་པ་དང་རྗེ་གོང་མའི་གཞིས་མི་རང་ལས་མཆེད་པའི་སྐྱེད་ཡུམ་ཚེ་སྒྲོན་གཉིས་ཀྱི་རིགས་སྲས་ཉི་མ་དར་རྒྱས་མཆོག་ཕྱི་ལོ་ ༡༩༦༣ ལོར་སྐུ་བལྟམས། ཆུང་ནས་དད་པ་དང་མོས་གུས་བྱམས་དང་སྙིང་རྗེ་ཞི་ཞིང་དུལ་བ་སོགས་རྣམ་པར་དཀར་པོའི་ཡོན་ཏན་མཐའ་ཡས་པ་ལྷན་སྐྱེས་སུ་མཆིས་ཤིང་། མི་རིང་བར་ཡབ་ལས་ཡི་གེ་འབྲི་ཀློག་སོགས་སློབ་སྐབས་ངལ་དུབ་ཀྱིས་བརྩོན་པ་དྲག་པོ་བསྐྱེད་མ་དགོས་པ། བརྡ་དང་ཐབས་ཙམ་གྱིས་མཁྱེན་ཏེ་ཁྱིམ་དང་ཡུལ་མི་རྣམས་ལ་ངོ་མཚར་བའི་ཐུགས་བློ་

འཁྲུངས། ༧རྗེ་གོང་མ་དགོངས་པ་ཞི་དབྱིངས་སུ་གཤེགས་སྐབས་འདི་ཉིད་ཀྱི་མ་ཡུམ་ལ་ཁྱེད་རྣམས་ཀྱིས་མྱ་ངན་མ་བྱེད་དང་། མི་རིང་བར་བདག་ཅག་མཇལ་འཕྲད་འབྱུང་ཡོང་ཞེས་འདའ་ཁས་ཞལ་ཆེམས་བཞག་པ་རྗེ་འདི་ཉིད་ཡིན་པར་ངེས་ཀྱང་། སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཚེ་ལ་བར་ཆད་ཆེ་བས་འདི་ཉིད་ལ་ཡང་རྐྱེན་ངན་ཕྲད་པར་དོགས་ཏེ་སྦས་པའི་ཚུལ་དུ་བཞག །དེ་ནས་གང་མཚམས་སུ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཆོས་སྒོར་ཞུགས་ཏེ། གདན་ས་ཆེན་པོ་དེ་ཉིད་ཀྱི་གནའ་བོའི་དག་གཙང་གི་ཕྱག་བཞེས་བླ་ན་མེད་པ། གསང་སྔགས་ཀྱི་རྒྱུད་སྡེ་དག་ལས་བྱུང་བ་བཞིན་འབྲེལ་བ་བཞི་ལྡན་གྱི་ཕྲིན་སྒྲུབ་དཀྱིལ་ཆོག་དག་ལ་གསན་བཞེས་གནང་སྐབས། དམར་སེར་འདུས་པའི་སྡེ་ཆེན་པོ་ནམ་མཁའི་སྐར་ཚོགས་བཞིན་མཆིས་པ་ལས། ཉི་ཟླ་ལྟར་མངོན་པ་མཐོ་བར་མཁྱེན་རབ་དང་རྣམ་དཔྱོད་ཕུལ་དུ་བྱུང་བས་གདངས་དབྱངས་འདོན་སྟངས་བཅའ་ཕྱག་ལག་ལེན་སོགས། དགོན་སྡེ་དེ་ཉིད་ཀྱི་བསླབ་པའི་གནས་ཀུན་ལ་མ་མཁྱེན་པ་མ་བྱུང་ཞིང་ཐ་ན་འབག་བཅའ་བ་དང་རི་མོ་འབྲི་བ་སོགས་ལ་ཡང་མངའ་དབང་བརྙེས་ཏེ། བསྟན་དགོན་སླར་གསོས་སྐབས་སུ་གྱང་ལྷ་བྲིས་པ་དང་འབག་སྐུ་བཞེངས་པ་སོགས་རང་བསྟན་ལ་སྲི་ཞུ་བླ་ན་མེད་པ་བསྒྲུབས་ཤིང་། དགོན་སྡེ་དེ་ཉིད་ཀྱི་དབུ་མཆོད་དཀྱུས་མ་རེ་དང་གཞན་གྱི་དགོན་སྡེ་རེ་མི་བརྗེ་བའི་ལོ་རྒྱུས་ཁུངས་ལྡན་ཡོད་ན། ཁོང་ཉིད་སྐུ་ན་ཕྲ་མོའི་དུས་ནས་མཆོད་ཆེན་གྱི་མཚན་གྱི་གོ་གནས་བཞེས་ཏེ་ཇི་བཞིན་ཕྱག་ལས་གནང་ཞིང་རང་དང་མཚུངས་པའི་ཞལ་སློབ་དུ་མ་ཡང་སློབ་སྐྱོང་གནང་བ་སོགས། གཞན་ཕན་ལྷག་བསམ་དཀར་པོའི་མཛད་པ་འདི་ཉིད་སྤྲུལ་པའི་སྐུའི་མཚན་གྱི་ཅོད་པན་མ་ཕུལ་སྔོན་ནས་ཡུལ་དགོན་ཀུན་གྱིས་ཡར་དཔེ་འདྲེན་སའི་གནས་སུ་བསྔགས། རྒན་ཁོག་ཕོ་མོ་རྣམས་ཀྱིས་ཁོང་ཉིད་ལམ་དུ་ཕེབས་སྐབས་ཞྭ་ཕུད་དེ་ཕྱག་རྒྱ་བྱ་བ་དང་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཞིང་བློ་སྣ་ཆོས་སུ་བསྒྱུར་བ་སོགས་ཀྱིས་ཀྱང་དམ་པའི་སྐྱེས་བུའི་རིགས་ཅན་ཡིན་པར་དཔོག་ཐུབ་ལ། དེ་རྗེས་ཁོང་ཉིད་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཞུགས་ཏེ། དམ་ཆོས་འདུལ་བ་གཞི་གསུམ་ཆོ་གའི་ཕྱག་བཞེས་ནས་བཟུང་བླ་མེད་རྒྱུད་སྡེའི་བར་དུ། རང་སྐལ་གང་འདོད་ཀྱི་འཛད་མེད་ཆོས་སྦྱིན་སྟེར་བའི་གདན་ས་ཁྱད་པར་ཅན་དེ་ཉིད་དུ་ལོ་ཤས་རིང་རྒྱ་གཞུང་ཆེན་པོ་དག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྣམ་རོལ་མཁན་ཆེན་བདེ་ཆེན་རྣམ་གྲོལ། མཁན་ཆེན་ཟླ་བའི་འོད་ཟེར། མཁན་ཆེན་བྱང་ཆུབ་སེམས་དཔའ་པདྨ་ཚེ་དབང་ལྷུན་གྲུབ། སྐྱབས་མཆོག་པདྨ་སྐལ་བཟང་རིན་པོ་ཆེ། མཆོག་སྤྲུལ་འབྲུག་པ་སྐུ་ཆུང་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་དུ་མའི་ཞབས་ལ་བཏུད་དེ་བཞུགས་ཤིང་། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་གནས་ལ་སྦྱང་སྟེ་སྐུ་ཡོན་གསན་བཞེས་གནང་བའི་སྐབས་སུ་ཡང་། ཡིད་དཔྱོད་ཀྱིས་རྩོལ་བ་ཆེ་ཐང་དུ་བསྐྱེད་པ་མ་མཐོང་ཡང་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་མངའ་བ་དང་། དེ་མཚུངས་སུ་བསྟན་ལ་ཕན་པའི་སྲི་ཞུ་ཞུས་པ་ཡང་། ཆོས་གྲྭ་གསར་གཞེངས་སྐབས་སུ་དུས་བཞིའི་ཚ་གྲང་གི་ངལ་དུབ་ལ་མི་འཛེམ་པར་བཀྲེས་པས་བཟའ་བཅའ་མཐོང་བ་བཞིན། ཉིན་མཚན་གོ་བལྡབས་ཏེ་ཕྱག་ལས་བགྱིས་པ་སོགས་དོན་གཉིས་བསྒྲུབས་པའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་འགྲན་བཟོད་པ་མངའ་བ་ལགས་སོ། །

དེ་ནས་ཕྲིན་ལས་ཀྱི་འཇུག་པ་གཞན་དང་གཞན་དུ་གནང་དགོས་པ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན་པས། ཁོང་ཉིད་འཕགས་ཡུལ་དུ་ཆིབས་བསྒྱུར་གནང་སྟེ་གྲུབ་དབང་རྫོགས་ཆེན་པའི་བྱེས་ཀྱི་གདན་སར་མི་ལོ་བཞིའི་རིང་དུ། ལས་ཐོག་མཁན་པོའི་ཕྱག་ལས་གནང་སྟེ་སེར་སྐྱ་ཕོ་མོ་སློབ་ཚོགས་སྟོང་ཕྲག་དུ་མ་ལ་ཐེག་གསུམ་ཆོས་ཀྱི་བདུད་རྩི་འཛད་མེད་བསྩལ་ཅིང་སྙིང་ཐིག་རྡོ་རྗེ་ཐེག་པའི་ཆོས་ཚོགས་ཤིག་ཀྱང་གསར་བསྐྲུན་གནང་། དེ་སྐབས་མཆོག་སྤྲུལ་བསོད་རྒྱལ་རིན་པོ་ཆེས་ཁོང་ཉིད་ལ་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་མཚན་གསོལ། རྫོགས་ཆེན་བྱེས་དགོན་གྱི་གདན་སར་ཡུན་དུ་བཞུགས་རོགས་གནང་ཞེས་རེ་བསྐུལ་ཡང་ཡང་ཞུས་པ་དང་། དུས་མཚུངས་སུ་སྔ་འགྱུར་བསྟན་པ་རྒྱ་མཚོའི་དོན་གྱི་མངའ་བདག་ཆེན་པོ་རྡོ་རྗེ་འཆང་དང་ཞལ་མི་དབྱེ་བ་བདག་ཅག་གི་རིགས་ཀྱི་བདག་པོ་མཚན་སྨོས་པ་དཀའ་ཡང་། དོན་གྱི་ཕྱིར་དུ་མཚན་ནས་གསོལ་ན་ ༧སྨིན་གླིང་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་དཔལ་བཟང་པོའི་སྡེས་བསླུ་མེད་རྡོ་རྗེའི་བཀའ་ལུང་ཕེབས་ཏེ། འཁྲུལ་བྲལ་སྤྲུལ་པའི་ཟླ་གཞོན་བདག་ཅག་སློབ་ཚོགས་རྣམས་ཀྱི་མགོན་དུ་རྙེད་པ་དང་ཆབས་ཅིག ༧སྤྱན་རས་གཟིགས་མིའི་གཟུགས་སུ་བྱོན་པ་གོང་ས༧སྐུ་ཕྲེང་བཅུ་བཞི་པས་ཀྱང་གང་གི་རྡོ་རྗེའི་བཀའ་ལུང་ལ་བསླུ་མེད་ཡིན་པར་གསུང་གི་རྡོ་རྗེའི་རྒྱས་བཏབ། ༧སྐྱབས་རྗེ་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེས་ཀྱང་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་བཀའ་ལུང་ཕེབས་ཤིང་། གྲུབ་པའི་དབང་ཕྱུག་རྒྱལ་བ་རྫོགས་ཆེན་པའི་བསྟན་འཛིན་སྐྱེས་བུའི་མཚན་གྱི་ཅོད་པན་པདྨ་ཕྲིན་ལས་བཤད་སྒྲུབ་ཉི་མ་ཞེས་མངའ་གསོལ་ཏེ། སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་འདུན་དུ་ཞབས་བརྟན་སྨོན་ལམ་སོགས་བགྱིས་ཡོད་པ་དང་། དུས་མཚུངས་སུ་ཁང་གདུང་གཏེར་ཆེན་འཆི་མེད་རིག་འཛིན་རིན་པོ་ཆེས་ཞལ་པར་ཐོགས་ནས་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཉིན་མོ་དེར། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཡང་སྤྲུལ་ཆེ་བའི་ཁྲི་ལ་མངའ་གསོལ་མཛད་པར་དགྱེས་པའི་བསྟོད་སྨོན་དང་། ཡང་སྲིད་འཁྲུལ་མེད་ཡིན་པ་གསུངས་པ་སོགས་དེ་ལྟ་བུའི་སླད་མེད་རྣམ་ཐར་བཟང་པོའི་བདག་ཉིད་ཅན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད། དེང་གི་དུས་སུ་འཛམ་གླིང་ཉི་མ་ཤར་ནུབ་ཀྱི་མི་རིགས་དང་སྐད་རིགས་མི་གཅིག་པའི་སྐལ་བ་མཆོག་ལྡན་གྱི་སྐྱེ་བོ་བགྲངས་ལས་འདས་པར། ཟབ་ཡངས་ཆོས་ཀྱི་བདུད་རྩི་རང་སྐལ་གང་འདོད་དུ་གནང་སྟེ་སྐུ་ཚེ་ཚེ་ལྷའི་ངོ་བོར་འཚོ་ཞིང་བཞུགས་པ་ལགས་སོ། ། 
འདིར་སྨྲས་པ། ཕུན་ཚོགས་གངས་ར༷་མཛེས་པའི་ཞིང་མཆོག་གི །ཉ༷ག་ཤར་སྐྱེ་བོའི་མཚན་པས་མ་ལུས་འགྲོའི། །དཔ༷ལ་མགོན་དམ་པར་སྤྲུ༷ལ་བའི་སྐུ་མཆོག་ཉིད། །ཞབས་ཟུང་རྡོ་རྗེའི་ཁམས་སུ་རྟག་བཞུགས་གསོལ། །ཕྲིན་ལས་རྒྱ་ཆེར་འཇུག་པར་མི་བཟོད་པའི། །གནོད་སྦྱིན་སྐྱེ་བོའི་ཚོགས་ཀུན་ཉེར་ཞི་སྟེ། །ཟླ་མེད་ཐུགས་ཀྱི་བཞེད་པ་ཅི་མཆིས་པར། །མ་འབད་རང་མཆིས་འགྲུབ་པའི་རེ་སྨོན་ཞུ། །ཕྱོགས་བཅུའི་རྒྱལ་རྣམས་འབྱུང་བའི་གནས་གཅིག་པུ། །ཟླ་བྲལ་བཀའ་དྲིན་ལྕི་བའི་བླ་མ་ངེས། །དེ་ཡི་ཕྲིན་ལས་རྣམ་ཐར་མདོ་བསྡུས་འདི། །བདེ་ཆེན་སྐྱེལ་བའི་རྒྱུ་ཡི་ཆ་ཤས་ཙམ། །
  ཞེས་ཟོལ་མེད་དྲང་བདེན་གྱི་རྣམ་པར་ཐར་པ་འདི་ཉིད་ ༧དཔལ་འོག་མིན་ཨྱོན་སྨིན་གྲོལ་གླིང་ཞེས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་སློབ་ཁོངས་སུ་གཏོགས་པའི་གྱི་ན་བ། འགྱུར་མེད་དངོས་གྲུབ་དར་རྒྱས་སམ་རྒྱུན་འབོད་དུ་རྫོགས་ཆེན་གྲགས་པ་རྒྱལ་མཚན་ཞེས་པ་དེས་རབ་རྒྱན་ས་ཡོས་ཧོར་ཟླ་ ༣ པའི་ཚེས་ ༡༤ ལ་གུས་པའི་བློས་ཀུན་ནས་བསླངས་ཏེ་སྦྱར་བར་དགེའོ།། དགེའོ།། །།

--------------------------------------------------------------------------------------------

More information can be found in 

  • Biography of Do Khyense Shiwee Dorje
  • Story of Kongmar Gon Monastery
  • Dzogchen Rinpoche lineage book (སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། page 567 [22] ར་ཉག་རྒྱལ་སྲས།)

--------------------------------------------------------------------------------------------

  • You can download this file Bio-PR-en.pdf (Acrobat 4.0, 138Kb).
  • French and Tibetan (the original Tibetan text together with a French translation to be printed as a booklet): Bio-PR-fr-tib.pdf  (Acrobat 4.0, 2329 Kb).
Dharma Topics

The Authentic Path - a wise search Entering the Path of Buddhism Buddha Sakyamuni - the three turnings Dzogchen - the Great Perfection Longchen Nyinthik - the Heart Essence The Patrul Reincarnation - lineage and biographies Dzogchen Monastery Tibet - a pilgrimage Patrul Rinpoche's schedule Exit, Links, Greeting cards Universal Treasury Wisdom The Zangdok Palri Foundation Study and practice material Centres worldwide Home Page & News Visiting Teachers biographies & schedule